སྨྲ་བརྗོད་རང་དབང་སྦྲང་རྩིས་ཡོངས་གཏམས་པའི།།

ཡིད་འོང་གཏམ་གྱི་མེ་ཏོག་འདི་ན་བཞད།།

རྣམ་དཔྱོད་འཕུར་ལྡེང་གར་ལ་དགྱེས་རོལ་བའི།།

ཤེས་ལྡན་རྐང་དྲུག་ཚོགས་རྣམས་འདིར་ཕེབས་ཤིག།

 

6 Responses to “སྨྲ་བརྗོད་རང་དབང་།  བསམ་ཚུལ་ལྷུགས་བརྗོད།”

  1. བསྟན་འཛིན་ནོར་རྒྱས། Says:

    ༄༅།།  ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་གི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།
    གུས་པས་ཁྱེད་ཅག་གི་ཆོས་བརྒྱུད་ཅི་ཡིན་ཤེས་འདོད་ཡོད་པས།   དེའི་སྐོར་གསལ་བཤད་ཐུང་ཙམ་གནང་ན་ཆོག་གམ།   
    གུས་པ་བསྟན་འཛིན་ནོར་རྒྱས་ཀྱིས་ཕུལ།

  2. བློ་གསལ། Says:

    དྲ་ཚིགས་འདི་ཡག་པོ་འདུག
    ཐུགས་རྗེ་ཆེ།

  3. རིག་མཆོག Says:

    ༄༅།།  བཀྲ་ཤིས་ཆོས་གླིང་དྲ་ཚིགས་ཀྱི་གླེང་སྟེགས་གསར་བར་དགའ་བསུ་ཞུ།

  4. tcbci Says:

    བཀུར་འོས་སྐུ་ཞབས་བསྟན་འཛིན་ནོར་རྒྱས་ལགས།
    སྐུ་ཉིད་ཀྱིས་བཀའ་འདྲི་གནང་བར་བཀའ་དྲིན་ཆེ་ཞུ་བ་ཡིན།   ཁྱེད་ཀྱི་དྲི་བར་ལན་ཁ་གསལ་ཞིག་བཏབ་ན།  ངེད་ཅག་གི་ཆོས་ཚོགས་འདི་ནང་པའི་ཆོས་ཚོགས་དཀྱུས་མ་ཞིག་ལས་དམིགས་བསལ་གྱི་ཆོས་བརྒྱུད་ཟེར་བའི་སྐད་ཆ་དེ་མེད།  དེས་ཕྱིར་སྐུ་ཉིད་ཀྱིས་ཆོས་ཚོགས་འདི་ནང་པའི་ཆོས་ཚོགས་དང་།   འདིའི་ཚོགས་མི་རྣམས་ཀྱང་ནང་པ་བར་ངོས་འཛིན་གནང་ན་དེས་འཐུས།
    བཀའ་དྲིན་ཆེ།

  5. tcbc Says:

    ཕྱི་ནང་གཞན་གསུམ་དུས་ཀྱི་འཁོར་ལོ་དང༌༎
    རྣམ་དག་རི་ཆོས་ངེས་དོན་རྒྱ་མཚོའིདཔལ༎
    ཟུང་འབྲེལ་བཀའ་སྲོལ་བརྒྱུད་པའི་རིང་ལུགས་མཆོག།
    ཇོ་ནང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

    པྲན་གྱིས་སིམ་ལ་ཇོ་ནང་དགོས་ཙམ་ཤེས་ཀྱི་ཡོད། དེ་བས་མང་པོ་རང་མི་ཤེས།

    ནང་པའི་ཆོས་ཚོགས་བཀྲ་ཤིས་ཆོས་གླིང་གི།
    དྲ་མཛོད་མཐོང་བས་སྤྲོ་བ་ཧ་ཅང་འཕེལ༎
    འོན་ཀྱང་དམ་པའི་ཆོས་ཀྱི་ཚོགས་པ་འདི༎
    འཛམ་གླིང་ཤར་ནུབ་ག་ཡོད་ཤེས་མ་བྱུང༌༎

    གསེར་གྱི་རྟགས་མའི་གཟེངས་རྟགས་ལ་ཕུལ་བའི་འཚམས་འཕྲིན།

    ཞི་བདེའི་ལོ་མ་སྟོན་མཇུག་རླུང་གིས་བདས།།
    བས་མཐའི་ལྷིངས་འཇགས་ཇག་ཚོགས་ངུས་པས་བཀྲོགས།།
    རི་ཀླུང་མཛེས་སྡུག་འཕྲུལ་ཆས་རྔམས་ཀྱིས་བཅོམ།།
    མཚོ་བཞི་གླིང་ལྔ་དུར་སར་འགྱུར་ཉེ་སྐབས།།

    གསེར་མདོག་ཉི་གཞོན་ཤར་མཐའི་རི་ནས་འཆར།།
    རྟེན་འབྱུང་ལྟ་བའི་དཀྱིལ་འཁོར་དབུས་ནས་རྫོགས།།
    སྙིང་རྗེའི་འོད་དཀར་འཕགས་པའི་ཡུལ་ནས་ཚེས།།
    ཞི་བདེའི་སྣང་བ་འཛམ་བུ་གླིང་ལ་ཁྱབ།།

    ནོ་བྷེལ་ཡུལ་ནས་ཞི་བདེ་དེད་དཔོན་བཀུར།།
    ཚན་རིག་མཁས་པས་འཇིག་རྟེན་མིག་ཏུ་བགྲངས།།
    ཨ་རིའི་གཞུང་གིས་གསེར་གྱི་རྟགས་མ་ཕུལ།།
    འཇིག་རྟེན་ཀུན་ཁྱབ་ཞི་བའི་དེད་དཔོན་མཆོག།

    ཁྲ་དང་གླག་མོས་གཤོག་འགྱུར་གཟན་པ་དང༌།།
    གཅན་གཟན་གཏུལ་པོས་ནགས་ཀླུང་གང་བའི་དུས།།
    ཞི་བདེ་ཕུག་རེ་དཀར་པོས་འཇིག་རྟེན་འདིར།།
    ཤིས་པའི་འགྱུར་བག་ནམ་ཡང་རྩེན་གྱུར་ཅིག།
    2007/12/1/ལ་བྲིས།

    མཆན་བུ་འདི་དག་སྐུ་ཞབས་བེ་རི་འཇིགས་མེད་དབང་རྒྱལ་ལགས་ཀྱིས་བཀོད་འདུག་པས། དགའ་སྣང་དང་བཅས་གུས་པ་དྲ་ཚིགས་བཟོ་འགོད་པས་ཡར་འཇོག་བྱེད་སྐབས། ལག་ནོར་ནས་ནག་བསུབས་བཏང་སོང་བས་སྙིང་ནས་དགོངས་སེལ་ལན་བརྒྱར་ཞུ་བ་ཡིན།
    སྐུ་ཉིད་མུ་མཐུད་དུ་ཕེབས་པར་དགའ་བསུ་ཞུ།
    བཀྲ་ཤིས་ཆོས་གླིང་དྲ་ཚིགས་ནས།


  6. དད་པའི་ཡིད་མཚོ་འཁྲུགས་པའི་མིག་ཆུ་ཡི་རྦ་རླབས།།
    ཉམ་ཆུང་སྨྱུགས་ཐོགས་བུ་ངས་སྙིམ་པ་ལ་བཏེགས་ཏེ།།
    ལྷ་ཁྱོད་དྲན་པས་གདུང་དབྱངས་གསོལ་འདེབས་ཤིག་སྒྲོགས་ན།།
    བརྩེ་བའི་སྤྱན་གྱིས་གཟིགས་དང་དབྱངས་ཅན་གྱི་ལྷ་མོ།།

    སྐྱིད་སྡུག་སྒྱུ་མའི་གར་བཏེགས་ཟླུམ་གཟུགསཀྱི་འཇིག་རྟེན།།
    མགོ་ནག་འཇིག་རྟེན་མི་ཡི་ཟློས་གར་དེ་མཐོང་བས།།
    ཀུན་རྟོག་སྤྲིན་རླུང་འཐབ་པའི་ཚོར་སྣང་གི་ངོགས་ན།།
    མིག་ཆུ་དྲག་ཆར་འབབ་པའི་ཤུག་གླུ་ཞིག་ལེན་འདོད།།

    ཀ་སོགས་དབྱངས་གསལ་སོ་བཞིའི་འགྱུར་ཁུག་ལ་རོལ་བའི།།
    ཁ་བའི་མེ་ཏོག་འཕུར་བའི་ཞིང་ཁམས་དང་གྱེས་ནས།།
    ག་སར་ངེས་མེད་སྲང་མདོའི་ཁྱི་ལྡམ་ལྟར་ཉུལ་དུས།།
    ང་རང་ཕ་ཡུལ་དྲན་བྱུང་གངས་དཀར་གྱི་ལྷ་མོ།།

    ཅ་ཅོ་འདུ་འཛི་འཁྲུག་པའི་རྒྱུས་མེད་ཀྱི་ས་མཐར།།
    ཆ་ལུགས་མི་གཅིག་མི་རིགས་འདྲ་མིན་གྱི་གསེབ་ན།།
    ཇ་ཚབ་ཆུ་ནག་འཐུང་བའི་འཚོ་བ་ལ་རོལ་དུས།།
    ཉ་རྒྱས་ཟླ་ལྟར་དཀར་བའི་གངས་ལྗོངས་དེ་དྲན་བྱུང༌།།

    ཏ་ལའི་ལོ་མ་འཁྲིགས་པའི་ལྷོ་མཐའ་ཡི་ལྗོངས་འདིར།།
    ཐ་ན་གོ་བརྡ་འཕྲོད་པའི་སྐད་ཡིག་ཙམ་མི་ཤེས།།
    ད་དུང་ཚ་གྲངས་ནད་ཀྱིས་གཟུགས་ཕུང་ལ་བཙེས་དུས།།
    ན་ནིང་གྱེས་མཇལ་བྱས་པའི་ཕ་མ་ཚོ་དྲན་བྱུང༌།།

    པ་ཊའི་དབྱིབས་ལྟར་འཁྱོག་པའི་རྐང་རྗེས་ཀྱི་རི་མོ།།
    ཕ་རོལ་རྒྱུས་མེད་མི་ཡུལ་འཐེན་པ་ནས་བཟུང་སྟེ།།
    བ་སོའི་ཀ་བ་བསླངས་འདྲའི་གངས་དཀར་གྱི་ལྷུན་པོ།།
    མ་བཅོས་སེམས་པའི་ངོས་སུ་དབང་མེད་དུ་ཤར་བྱུང༌།།

    ཙ་རི་ནགས་ཀླུང་འབར་འདྲའི་ལྷོ་ཕྱོགས་ཀྱི་མཐའ་འདིར།།
    ཚ་བའི་རེག་པ་དམར་པོའི་མེ་རླབས་འདི་འབར་དུས།།
    ཛ་ཡའི་ལུང་གིས་ཟིན་པའི་བསིལ་ལྡན་གྱི་ཞིང་ཁམས།།
    ཝ་ལེར་ཡིད་ལ་དྲན་བྱུང་གངས་དཀར་གྱི་རི་བོ།།

    ཞ་བོ་འཐིང་འཁྱོག་བྱེད་བཞིན་ལྟོ་རྗེས་ལ་རྒྱུགས་ཀྱང༌།།
    ཟ་འཐུང་ལྟོ་འགྲང་མེད་པའི་མི་རིགས་ཚོ་མཐོང་དུས།།
    འ་རེ་འུ་རེར་འཁྱམས་པའི་རྒྱལ་ཁམས་ཀྱི་བུ་ངས།།
    ཡ་མཚན་གངས་ལྷ་སྒེག་མོའི་ཕང་པ་དེ་དྲན་བྱུང༌།།

    ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་ནས་འཐོན་ཞིང༌།།
    ལ་དང་ལུང་པ་བརྒལ་ནས་མི་ཡུལ་ལ་འཁྱམས་ནས།།
    ཤ་མེད་འབྲས་དང་རྡ་ལིའི་འཚོ་བ་ལ་རོལ་དུས།།
    ས་མཐོའི་གཡག་རྒོད་དར་མའི་ཚོ་ཤ་དེ་དྲན་བྱུང༌།།

    ཧ་ལས་དགོས་པའི་ས་མཐའི་གནས་སྟངས་དེ་མཐོང་རྗེས།།
    ཧ་ཅང་སེམས་པ་སྐྱོ་བའི་ཀུན་རྟོག་གི་ཤུག་གླུ།།
    ཨ་མཚར་བཅོས་མའི་སྙན་ངག་རྩོམ་རིས་ཙམ་མིན་པར།།
    ཨ་རེ་སེམས་པའི་ཕུག་ནས་དབང་མེད་དུ་ཤོར་སོང༌།།

    སྤྱི་ལོ་༡༩༩༧ ༤ ༡༥ ཉིན་བྲིས། ༼ནོར་སྡེ་༽ ཐོག་བཀོད།


Leave a Reply